༢༠༡༩ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཨ་རིའི་གཞུང་ཚབ་ཆེན་མོའི་གསལ་བསྒྲགས།

Eleanor Roosevelt holding poster of the Universal Declaration of Human Rights (in English), Lake Success, New York. November 1949.

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་མོས་མཐུན་བྱས་ནས་ལོ་༧༡ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་རྒྱུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོའི་གཟི་སྤོབས་ཡིན། ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྟེང་མོས་མཐུན་བྱས་པའི་གསལ་བསྒྲགས་དེའི་ནང་སྐྱེ་བོ་ཡོངས་ལ་བསམ་བློ་དང་རྟོག་དཔྱོད། ཆོས་ལུགས་དད་མོས། བསམ་ཚུལ་བརྗོད་པ། ཞི་འཇམ་གྱི་འདུ་འཛོམས། ཚོགས་པ་སྐྱིད་སྡུག་འཛུགས་པའི་རང་དབང་ནང་དུ་ཚུད་པའི་རང་དབང་རྣམས་བཀོད་ཡོད། རྒྱ་ནག་གིས་ཡིག་ཆ་གལ་ཆེན་དེ་ལ་ས་ཡིག་བརྒྱབ་པས་གསལ་བསྒྲགས་དེའི་ནང་འཁོད་པའི་ཐོབ་ཐང་རྣམས་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་པ་རེད། ཉེ་ཆར་གསལ་རྟོགས་བྱུང་བའི་དོན་རྐྱེན་དག་ལས་པེ་ཅིང་གཞུང་གིས་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དམ་བཅའ་ལག་ལེན་བསྟར་ཕྱོགས་ལ་དོགས་པ་སྐྱེས།།

འདས་པའི་ལོ་གཅིག་གི་རིང་ངས་འདི་གར་འབྲེལ་གཏུག་རིམ་པར་བྱས་སྐབས་རྒྱ་ནག་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཡར་རྒྱས་གཏོང་བ་ནང་དུ་ཚུད་པའི་ཕྱོགས་མང་པོ་ཞིག་ཏུ་གོང་འཕེལ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་བྱུང་། ཡིན་ནའང་དེ་དང་ལྷན་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཡིག་ནང་བཀོད་པའི་རང་གི་མང་ཚོགས་ཀྱི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐད་གཞུང་གི་འཛིན་སྐྱོང་བྱེད་སྟངས་ལམ་ལྷོང་མ་ཡོང་བའང་མིག་མཐོང་ལག་ཟིན་བྱུང་། སྲིད་འཛིན་ཊམ་དང་། སྲིད་འཛིན་གཞོན་པ་ཕེན་སེ། དྲུང་ཆེ་ཕོམ་ཕེའོ་བཅས་ཀྱིས་རྒྱ་ནག་ལ་འཛུགས་སྐྲུན་རང་བཞིན་དང་གྲུབ་འབྲས་ལ་དམིགས་པའི་འབྲེལ་ལམ་ཞིག་འཛུགས་རྒྱུའི་འདུན་པ་ཡོད་ཅེས་ཡང་དང་བསྐྱར་དུ་བཤད་པ་དང་ལྷན་དུ་ཁོ་ཚོས་ཉེས་སྐྱོན་དེ་དག་དང་རྒྱ་ནག་ཏུ་དེང་སྐབས་འབྱུང་བཞིན་པའི་ཚུལ་མིན་གྱི་རྡོག་རྫིའི་གནད་དོན་དག་ཁ་གསང་བོར་བརྗོད་ཡོད།།

རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་། གསར་འགོད་པ། ཞི་དམངས་ཀྱི་འགོ་ཁྲིད་དག་ཁྲིམས་འགལ་ངང་བཀག་ཉར་བྱེད་བཞིན་པ་དེར་ང་ཚོས་མུ་མཐུད་དུ་སེམས་འཁུར་ཆེན་པོ་བྱེད་བཞིན་ཡོད། དེ་བཞིན་དུ་སྲིད་གཞུང་གིས་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལས་ལྷག་པའི་དམ་དྲག་དང་། ཕྱག་འཚལ་མཆོད་འབུལ་བྱེད་ས་སྒོ་བརྒྱབ་པ། ཡེ་ཤུ་བ་དང་བོད་པ་ནང་པ་ནང་དུ་འདུ་བའི་ཆོས་དད་བྱེད་མཁན་རྣམས་བཀག་ཉར་བྱེད་བཞིན་པར་ཡང་སེམས་འཁུར་་བྱེད་བཞིན་པ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་དྲག་སྤྱོད་ཐལ་སྐྱོད་པ་ལ་ངོ་རྒོལ་བྱེད་པར་ཁ་གཡར་ནས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཁོངས་མི་ལ་མནར་གཅོད་གཏོང་བཞིན་པ་དེས་ང་ཚོར་དམིགས་བསལ་སྒོས་བློ་མི་བདེ་བ་བཟོ་བཞིན་འདུག ཞིན་ཅང་དུ་ཡུ་གུར་བ་དང་གྲངས་ཉུང་མི་རིགས་གཞན་པའི་ཁོངས་མི་ས་ཡ་གཅིག་ལྷག་སོ་སོའི་མངོན་འདོད་ལ་ལྟོས་པ་མེད་པར་བཀག་བསྐྱིལ་བྱས་པ་ནི་ད་ལྟ་བསྙོན་དུ་མེད་པ་ཆགས་ཡོད། ད་རུང་ཡུ་གུར་བ་དང་ཆོས་དད་བྱེད་མཁན་དག་ལ་ཆེད་དུ་དམིགས་ནས་བདེ་འཇགས་སྟངས་འཛིན་དང་། གསང་བའི་ལྟ་རྟོག བཙན་དབང་ངལ་རྩོལ། ཆོས་ལུགས་ཀྱི་དད་མོས་ལ་ཁྱད་པར་མེད་པར་དམ་དྲག རྩ་རྒྱུ་ DNA ་རྒྱ་ཆེར་བསྡུ་རུབ་བྱེད་པའི་བྱ་ལས་སྤེལ་བཞིན་པའང་དཔང་རྟགས་དང་བཅས་མངོན་གསལ་བྱུང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་ཟག་སྒེར་བའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཀྱི་དམ་བཅའ་ཇི་སྲིད་བར་དུ་ལག་བསྟར་མ་བྱས་ཚེ་དེ་སྲིད་བར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་བརྩི་འཇོག་ཡོང་མི་ཐུབ།།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཛམ་གླིང་སྡིངས་ཆའི་སྟེང་སྔར་ལས་ལྷག་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་མཁན་ཞིག་ཏུ་འགྱུར་རྒྱུའི་འབད་བརྩོན་བྱེད་བཞིན་པའི་སྐབས་འདིར་ང་ཚོས་མུ་མཐུད་དུ་ཚད་གཞི་མཐོན་པོ་འཛིན་པ་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་མཚམས་མེད། ཅི་ཡིན་ཞེ་ན་དེ་ནི་སྐྱེ་བོ་ཡོད་དོ་ཅོག་གི་སྒེར་བའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་འཛམ་གླིང་ཡོངས་སུ་ཁྱབ་པར་བྱས་ཡོད་པའི་རྐྱེན་གྱིས་ཡིན། འཛམ་གླིང་སྟེང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་ནང་གི་སྐྱེ་བོ་དག་གི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་སྔར་ལས་ཀྱང་གལ་ཆེན་དུ་གྱུར་ཡོད། རྒྱ་ནག་ནང་གི་གཞི་རྩའི་ཐོབ་ཐང་ག་ཚོད་སྲུང་སྐྱོབ་བྱས་ན་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་ཤུགས་རྐྱེན་ལ་འཛམ་གླིང་གིས་དེ་ཙམ་ཡར་སྐུལ་བྱེད་ངེས་རེད། དེ་ཡིས་ད་རུང་ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉིས་ཕན་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། ཨ་རི་བས་ཀུ་རེ་བྱེད་བཞིན་པ་ཞིག་ནི། ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་ཕྱི་འབྲེལ་མི་སྣས་ཨ་རིའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་གང་རུང་བརྒྱུད་ནས་ཨ་རིའི་སྤྱི་དམངས་ལ་ཐད་ཀར་དུ་འབྲེལ་གཏུག་བྱས་ཆོག ཨ་རིས་གཅེས་སུ་འཛིན་པའི་རང་དབང་དེ་ཁོ་ཚོས་ལོངས་སུ་སྤྱོད་བཞིན་ཡོད། ཡིན་ནའང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དེ་དག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྒྱུད་ལམ་སྟེང་བཀོད་པའི་ང་ཚོའི་སྦྱར་ཡིག་ལ་ནི་རྒྱ་ནག་གིས་བཀག་སྡོམ་བྱེད། རྒྱ་ནག་གི་ཕྱི་འབྲེལ་མི་སྣས་ཨ་རིའི་མང་ཚོགས་ལ་ཐད་ཀར་དུ་འབྲེལ་གཏུག་བྱས་ཆོག་པ་ནང་བཞིན་ང་ཚོས་རྒྱ་ནག་མི་དམངས་ལའང་ཐད་ཀར་དུ་འབྲེལ་གཏུག་བྱེད་ཐུབ་ཚེ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་གཏིང་ཟབ་ཙམ་བྱེད་ཐུབ་པ་དང་། གལ་ཆེའི་གནད་དོན་ཐད་དམིགས་བསལ་སྒོས་གོ་བསྡུར་སྦྱངས་བཤད་ཡོང་ཐུབ།།

ཆོག་མཆན་འགོད་མཁན། པེ་ཅིང་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་མོ་བྷི་རོན་སི་ཊ།

ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་རོགས་དྲུང་ཆེ་སི་ཊེལ་ཝེལ།

མ་ཟིན་འགོད་མཁན།          པེ་ཅིང་གཞུང་ཚབ་ཁང་གི་ཊེ་ཅེ་ ཨོ་ཁི་དི་ཇེ།

ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཇོལ་ སེ་ཕ་ལ།

PDF: U.S.-Ambassador-Statement-on-International-Human-Rights-Day-2019-Tibetan-version

English Version

Chinese Version

Uighur Version